དབྱར་མཚེར།


ནང་དོན་མདོར་བསྡུས།

བོད་ཤར་ཕྱོགས་ཀྱི་མཐོ་བའི་རྩྭ་ཐང་དུ་བཟོས་པའི་གློག་བརྙན་ཏེ། དབྱར་མཚེར་ཞེས་པ་ནི་འབྲོག་པའི་གཞོན་སྐྱེས་ཁྱོ་ཤུག་གཉིས་དང་ཁོང་གཉིས་ཀྱི་བུ་མོ་བཅས་གསུམ་པོའི་འཚོ་བའི་ཁྲོད་དུ་ཉེ་བར་བཅར་བའི་སྣང་ཚུལ་ཐུང་ངུ་ཞིག་ཡིན། བློ་ཆོས་དང་ཡ་མ་གཉིས་ཀ་རྫ་ཆུ་ཁར་གནས་ཤིང་། རྒྱ་མིས་ཝོ་རྩིས༼ལྔ་རྩེ༽ཞེས་མིང་བཏགས་པ་དེས་ས་ཆ་མཐོ་ཤོས་དང་གྲང་ཤོས། དབུལ་ཤོས། ཆེ་ཤོས། ད་དུང་རྒྱ་ནག་ཟི་ཁྲོན་ཞིང་ཆེན་དུ་རྒྱང་ཐག་རིང་ཤོས་ཡིན་པ་བཅས་མཚོན་པ་ཡིན། ཁོང་ཚོའི་འཚོ་བ་ཕྱུགས་ཟོག་ལ་བརྟེན་ཞིང། དེ་བཞིན་དུ་ཁོང་ཚོའི་ཡབ་མེས་རྣམས་ཀྱིས་ཀྱང་མི་རབས་མང་པོའི་རིང་དུ་ཕྱུགས་ཟོག་ལ་འཚོ་བ་བརྟེན་མོད། འོན་ཀྱང་ཉེ་བའི་ལོ་ཤས་སུ། རྫ་ཆུ་ཁ་ལ་མགྱོགས་མྱུར་ཀྱི་འཕེལ་རྒྱས་བྱུང་བས། བློ་ཆོས་དང་ཡ་མ་གཉིས་ཀྱི་སྲོལ་རྒྱུན་འཚོ་བ་རོལ་སྟངས་ལ་རྒྱུན་སྐྱོང་བའི་དཀའ་ཁག་ཇེ་ཆེར་ཡིན་པ་དེ་ཁོང་གཉིས་ཀྱིས་ཧ་གོ་བཞིན་ཡོད།

དབྱར་མཚེར་ནི་བློ་ཆོས་དང་ཡ་མ་གཉིས་ཀྱི་རང་གཤིས་དང་འབྲེལ་བ། ཁོང་གཉིས་ཀྱི་ཉེ་འཁོར་དུ་བྱུང་དང་འབྱུང་བཞིན་པའི་འཕོ་འགྱུར་བཅས་ལ་མྱུལ་ཞིབ་བྱས་པ་ཞིག་ཡིན། གློག་བརྙན་གྱི་གོ་རིམ་ཁྲོད་དུ་ང་ཚོས་ཁོང་གཉིས་ཀྱི་ན་ཚ་དང་ཕན་ཚུན་གྱི་གཡོ་ཟོལ། སྤྱི་ཚོགས་འཕོ་འགྱུར་ཁྲོད་ཀྱི་ཉམས་མྱོང་ལ་དཔང་པོ་བྱེད་པ་ཡིན། གཅིག་ཐོག་གཉིས་བརྩེགས་ཀྱི་རྩོད་ལེན་ལ་འཕྲད་དུས། བློ་ཆོས་དང་ཡ་མ་གཉིས་ཀས་མཐར་མར་རང་ཉིད་བློས་གཏོང་གི་རྣམ་པ་ཕྱིར་མངོན་ཡོང་ལ། ཁོང་གཉིས་ཀྱི་བུ་མོའི་མདུན་ལམ་ལ་ངེས་བརྟན་ཡོང་ཐབས་བྱ་རྒྱུ་རེད།

དབྱར་མཚེར་ཞེས་པ་ཕྱི་ལོ་༢༠༡༢ལོར་སྤྱི་སྤྱོད་རྒྱང་སྒྲོག་སྲི་ཞུ་ཁང་གི་རང་རྐྱའི་བླངས་བརྙན་བརྒྱུད་སྦྲེལ་དུ་སྒྲོག་གཏོང་བྱས་ལ། ཕི་བྷོ་སྦྲིའི་རྟགས་མ་ཐོབ་ཡོད།


འཁྲབ་ཁྲིད་པའི་བསྒྲགས་གཏམ།

དབྱར་མཚེར་ཞེས་པའི་གློག་བརྙན་བཟོ་སྐྲུན་གྱི་བསམ་ཚུལ་དེ་ཕྱི་ལོ་༢༠༠༦གི་དབྱར་ཁར་མགོ་ཚུགས། སྐབས་དེར་ཁམས་སུ་ཡུལ་སྐོར་དུ་ཕྱིན་པའི་རྒྱུ་མཚན་ནི་ས་གཤིས་ཞིབ་འཇུག་གི་ཁྱབ་ཁོངས་སུ་གཏོགས་པས་ཡིན། ཐེངས་དེའི་འགྲུལ་བཞུད་ཁྲོད་དུ་ཚེ་རིང་འཕེལ་ལོ་ངོ་ཤེས་པར་གྱུར། ཁོང་ནི་རྫ་ཆུ་ཁའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཞིག་ཡིན་མ་ཟད་འབྲོག་པའི་ཁྱིམ་ཚང་དུ་འཚར་ལོངས་བྱུང་། ཉེ་ཆར་གློག་བརྙན་བཟོ་སྐྲུན་གྱི་ལས་ལ་དགའ་མོས་བྱེད་བཞིན་མཆིས། དབྱར་ཁ་དེར། ང་ཚོ་འཕེལ་ལོ་དང་མཉམ་སྦྲེལ་བྱས་ནས་གཟུགས་ལམ་ཐུང་ངུ་དུ་མའི་བྱ་བ་བསྒྲུབས་པ་ཡིན། ང་ཚོ་ལ་དགའ་འོས་པའི་མཉམ་འཛོམས་ཀྱི་སྐལ་བ་ལྡན་པས་ཕྱིས་སུ་མཉམ་སྦྲེལ་གྱིས་འབྲོག་པའི་འཚོ་བ་སྐོར་ལ་སྔར་ལས་དོན་སྙིང་ལྡན་པའི་གློག་བརྙན་བཟོ་སྐྲུན་བྱ་རྒྱུར་མོས་མཐུན་བྱུང་།

ཕྱི་ལོའི་དབྱར་ཁར། ང་ཚོ་ཁམས་སུ་ཕྱིར་ལོག་སྟེ་རྩྭ་ཐང་ཐོག་ཏུ་ཟླ་ཤས་སུ་བསྡད་པ་ཡིན། སྐབས་དེར་ང་ཚོས་འཕེལ་ལོའི་ཨ་ཕའི་ཁྱིམ་དུ་མཁོ་ཆས་བཀོད་སྒྲིག་བྱས་པ་ཡིན། དེ་ནི་ལུང་ཆེན་ཞིག་གི་མདར་ཆགས་ཡོད་པས་དབྱར་ཁར་འབྲོག་ཁྱིམ་མང་པོའི་སྒོ་ཕྱུགས་དེ་གར་བཏང་ནས་འཚོ་སྐྱོང་བྱེད། འཕེལ་ལོས་སྤུན་བློ་ཆོས་དང་བཟང་པོ་གཉིས་ལ་ཁོང་ཚོའི་ནོར་ཁྱུ་མཉམ་དུ་ང་ཚོ་དང་ངོ་འཕྲད་རྒྱུ་དང་། ལུང་པ་དེའི་ཕུར་སྐྱེལ་མ་བྱ་རྒྱུ་བཅས་ཀྱི་བཀོད་སྒྲིག་བྱས་འདུག

བློ་ཆོས་ཀྱིས་ལྷག་བསམ་གྱི་སྒོ་ནས་ང་ཚོ་མགྲོན་དུ་བོས་ཏེ་ཁོང་རང་གི་ཁྱིམ་གྱི་སྦྲ་ནག་དེའི་ཉེ་འགྲམ་ཞིག་གི་ས་དུམ་བུ་སྟེང་དུ་ང་ཚོའི་སྒར་རྒྱག་པའི་བཀོད་སྒྲིག་བྱས་སོང་། སྐབས་དེ་དུས། ང་ཚོས་བློ་ཆོས་དང་ཡ་མ། ད་དུང་ཁོང་གཉིས་ཀྱི་སྐྱེས་མ་ཐག་གི་བུ་མོ་རྣམས་གློག་བརྙན་གྱི་རྗོད་གཞིར་འགྱུར་བར་ཧ་གོ་གི་མེད་མོད། འོན་ཀྱང་ཕྱིས་སུ་མཉམ་དུ་འགྲོགས་ནས་རྒྱུས་ལོན་མང་ཙམ་བྱུང་རྗེས། ཁོང་ཚོའི་རང་གཤིས་ཀྱིས་ང་ཚོའི་ཡིད་དབང་འཕྲོག་སོང་། བརྙན་ལེན་འཕྲུལ་ཆས་ནི་ཁོང་ཚོ་ངོ་ཤེས་པའི་ཐབས་ལམ་ཉག་གཅིག་ཡིན་ལ། འདི་ལྟ་བུའི་འབྲེལ་བར་བརྟེན་ནས། གློག་བརྙན་འདི་འཕེལ་རྒྱས་སུ་སོང་བ་ཡིན།

བློ་ཆོས་དང་ཡ་མ་གཉིས་ཀྱི་གཏོང་ཕོད་དང་སྙིང་རྗེ་ལ་ང་ཚོས་སེམས་གཏིང་ནས་བཀའ་དྲིན་རྗེས་སུ་དྲན་བཞིན་ཡོད་ལ། དབྱར་མཚེར་ཞེས་པའི་གློག་བརྙན་བཟོ་སྐྲུན་ཁྲོད་དུ། ང་ཚོས་ཁོང་ཚོའི་གཏམ་རྒྱུད་ལ་ཁོང་ཚོས་ང་ཚོར་བློ་སྒོ་ཡངས་པོར་ཕྱེ་བ་ནང་བཞིན་གྱི་ལྟ་ཚུལ་དང་ཚོར་སྣང་བཟུང་ཡོད། འདིར་འབྲེལ་གང་བྱུང་ཐམས་ཅད་བརྩེ་བ་དང་ཞིབ་ཕྲའི་གཟུགས་བརྙན་དུ་འགྱུར་བའི་རེ་བ་འཆང་ཡོད།


འཁྲབ་ཁྲིད་པའི་མཚམས་སྦྱོར་མདོར་བསྡུས།

ལེན་ཐྲོའུ་དང་ནེལ་སིན་ཝོ་ཁིར།

ལེན་ཐྲོའུ་དང་ནེལ་སིན་ཝོ་ཁིར་གཉིས་ནི་ནེའུ་ཡོག་དུ་གནས་པའི་གློག་བརྙན་བཟོ་སྐྲུན་པ་ཡིན་ལ། ཐྲོའུ་ཝོ་ཁིར་བཟོ་སྐྲུན་ཁང་དང་ཁམས་གློག་བརྙན་ལས་གཞིའི་སྲོལ་གཏོད་པ་ཡིན། བྷི་རང་སློབ་ཆེན་ནས་སློབ་མཐར་ཕྱིན་ཏེ་གྲོང་ཁྱེར་ཞིབ་འཇུག་དང་ཁང་བཟོ་རིག་པའི་མཉམ་འབྲེལ་བསླབས་གནས་ཐོབ་རྗེས། ལེན་གྱིས་རྒྱལ་ཡོངས་རྒྱང་སྒྲོག་སྡེ་ཚན༼NBC༽གྱི་གསར་འགྱུར་ཁང་དང་སྤྱི་སྤྱོད་རྒྱང་སྒྲོག་སྲི་ཞུ་ཁང༼PBS༽དུ་གཏམ་རྒྱུད་གློག་བརྙན་དང་དངོས་ཟིན་གློག་བརྙན་གྱི་ལས་རིམ་སྒྲུབ་པའི་འགན་ཁུར། ནེལ་སེན་ཡང་བྷི་རང་སློབ་ཆེན་ནས་སློབ་མཐར་ཕྱིན་ལ། ཁི་ལོམ་བྷི་ཡ་སློབ་ཆེན་དུ་གློག་བརྙན་འཁྲབ་ཁྲིད་ལ་སློབ་མཐར་ཕྱིན་རྗེས་མཛེས་རྩལ་ཞིབ་འཇུག་གི་བསླབས་གནས་བླངས་ཡོད། ལེལ་སིན་གྱིས་གསར་རྙེད་ལེ་ཚན་དང་ལོ་རྒྱུས་ཀྱི་ལེ་ཚན། སྤྱི་སྤྱོད་རྒྱང་སྒྲོག་སྲི་ཞུ་ཁང༼PBS༽གི་ནོ་ཝ་བཅས་ཀྱི་དངོས་ཟིན་གློག་བརྙན་གྱི་ལས་ཀར་ཞུགས་པ་ནས་བཟུང་སྟེ་ཁོང་གི་མདུན་ལམ་དུ་རྒྱང་སྐྱོད་ཀྱི་འགོ་བརྩམས་སོ།

ལེན་དང་ནེལ་སིན་གཉིས་ཀྱིས་མཉམ་དུ་གློག་བརྙན་མང་པོ་ཞིག་བཟོ་སྐྲུན་བྱས་ཤིང་། དེ་རྣམས་ཀྱི་ཁྲོད་དུ་ཨི་དེང་པ་རེ་བ༼iThemba|Hope༢༠༠༥ལོར་གསམ་ཊིན་སིའི་ལེ་ཚན་དུ་བཏང་།༽དང་ལོའུ་མོ༼Lumo༢༠༠༧ལོར་སྤྱི་སྤྱོད་རྒྱང་སྒྲོག་སྲི་ཞུ་ཁང་གི་བསམ་ཕྱོགས་གནད་དོན་བརྒྱུད་སྦྲེལ་དུ་འཁོད་ལ།༽། དབྱར་མཚེར༼༢༠༡༢ལོར་སྤྱི་སྤྱོད་རྒྱང་སྒྲོག་སྲི་ཞུ་ཁང་གི་རང་རྐྱའི་བླངས་བརྙན་བརྒྱུད་སྦྲེལ་དུ་འཁོད།༽བཅས་འདུས་ཡོད། ཁོང་གཉིས་ཀྱིས་བོད་དུ་བྱ་བ་སྒྲུབ་པ་ཙམ་མ་ཚད། ད་དུང་ཁོང་གོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་དུའང་བྱ་བ་ལས་བཞིན་ཡོད་པ་དང་། མེའུ་ཟེལ་གློག་བརྙན་ཁང་དུ་ཧར་ལེན་གྱི་ཁོང་གོ་ཞེས་པའི་གློག་བརྙན་བརྒྱུད་སྦྲེལ་ལས་རིམ་གྱི་འགན་བཞེས་ཡོད། ད་ལྟ་ཁོང་གཉིས་ཀྱིས་ཉམས་མྱོང་ལྡན་པའི་གློག་བརྙན་བཟོ་སྐྲུན་མཁན་ཏེ་ཨར་བྷིར་ཊི་མེའུ་ཟེལ་དང་མཉམ་དུ་གོ་རིམ་ཆ་ཚང་རྒྱང་སྐྱོད་ཀྱི་མེ་འཁོར་དུ་བྱུང་བའི་ཨ་རིའི་དངོས་ཟིན་གློག་བརྙན་རིང་མོ་ཞིག་གི་ལས་ཀར་འབད་བརྩོན་བྱེད་མུས་སུ་མཆིས་སོ།

ཚེ་རིང་འཕེལ་ལོ།

ཚེ་རིང་འཕེལ་ལོ་ནི་རབ་གསལ་གསར་འཛུགས་བྱེད་མཁན་ཡིན་ཏེ། དེ་ནི་བོད་མི་རྣམས་དངོས་ཟིན་གློག་བརྙན་བཟོ་སྐྲུན་གྱི་ལས་ཀར་བཀོད་ནས་བོད་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་གཅེས་སྲུང་དང་སླར་གསོའི་བྱ་བ་སྒྲུབ་པའི་ས་གནས་བོད་ཀྱི་ཞལ་འདེབས་ཚོགས་པ་ཞིག་ཡིན། ཁོང་ཉིད་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྫ་ཆུ་ཁ་རྫོང་དུ་འཚར་ལོངས་བྱུང་ཞིང་། ཟི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ(SPTI)ནས་སློབ་མཐར་ཕྱིན། འཕེལ་ལོས་སྔ་གཞུག་ཏུ་བོད་ཀྱི་ཐེབས་རྩ་ཚོགས་པ་དང་སྒྲོལ་ཟམ་ཐེབས་རྩ་ཚོགས་པ། ཧྥུ་ཅི་ཉི་ཡ་སློབ་ཆེན་གྱི་གངས་ལྗོངས་དཔེ་མཛོད་ཁང་སོགས་སུ་བྱ་བ་བསྒྲུབས་མྱོང་ལ། འཕེལ་ལོ་ནི་མ་གཅིག་ཚོགས་པའི་མཆེད་གྲོགས་ཀྱི་གོ་ས་ཐོག་མར་ཐོབ་མཁན་ཡིན་ཏེ། དེ་ནི་སྒུལ་ཤུགས་ལྡན་པའི་བོད་ཀྱི་འགྱུར་བ་གཏོང་མཁན་རྣམས་ཀྱིས་རང་གི་སྤྱི་ཚོགས་དང་ཁོར་ཡུག་གི་ནུས་ཤུགས་གོང་དུ་སྤེལ་བར་ལས་གཞི་བཟོ་བཀོད་བྱས་པ་ཞིག་ཡིན།

 ཡ་མ་དང་བློ་ཆོས། ཁོང་གཉིས་ཀྱི་བུ་མོ།

ཡ་མ་དང་བློ་ཆོས། ཁོང་གཉིས་ཀྱི་བུ་མོ།