དཔའ་བོའི་ལུང་པ།


སྤྱི་བཤད།

ལོ་རྒྱུས་ཀྱི་གཉེར་རིས་ཐོད་དུ་བླངས་པའི་རྒན་འཁོགས་མང་པོ་ལོ་རེར་བཞིན་རྒྱང་ལ་བཞུད་ཤུལ་དུ། བོད་ཀྱི་སྐད་དང་རིག་གནས་ལ་དོན་གཉེར་དམན་པའི་ཕྱི་རབས་པ་མང་པོ་ལྷག་ཅིང་། སྲིད་ཇུས་དང་དཔལ་འབྱོར་གྱི་སྒེར་ལྡེམ་ཁོར་ཡུག་འོག་བོད་ཀྱི་སྐད་དང་རིག་གཞུང་རླུང་ཁའི་མར་མེར་འགྱུར་བཞིན་ཡོད་པ་ནི་ད་ལྟའི་བོད་ཀྱི་ཡུལ་ལུང་མང་པོར་མཐོང་ཏུ་རི་བའི་གནས་སྟངས་ཤིག་ཏུ་གྲུབ།

དཔའ་བོའི་ལུང་པས་བོད་ས་མཐོའི་བྱང་ཤར་གྱི་མཚམས། ད་ལྟའི་ཆར་ཀྲུང་གོ་མཚོ་སྔོན་ཞིང་ཆེན་གྱི་ཤར་ཕྱོགས་སུ་གཞིས་ཆགས་པའི་དཔའ་ལུང་ཡུལ་གྱི་སྐད་དང་ཡི་གེའི་གནས་སྟངས་ལ་བརྙན་མིག་གིས་ཉེ་བར་བཅར་ཏེ། ཡུལ་དེའི་འཁོས་ཞན་ཏུ་འགྱུར་བཞིན་པའི་སྐད་དང་ཡི་གེའི་ལས་དབང་ལ་མནོ་བསམ་བཏང་ཡོད།

དཔའ་བོའི་ལུང་པས་ཡུལ་དེར་གདོད་མ་ནས་གཞིས་སྡོད་བྱས་པའི་རྒན་རབས་པ་དང་དར་མ། བྱིས་པ་སོགས་ཀྱི་འགྱུར་བ་བརྙན་རིས་ཀྱི་ཕྲེང་བར་བརྒྱུས་ཏེ། སྐད་དང་རིག་གཞུང་ཉམས་དམས་སུ་འགྲོ་བའི་ཚུལ་ཇི་བཞིན་བསྟན་ཅིང་། དེ་ལ་ལེགས་བཅོས་དང་རྔོ་ཐོགས་ཕྱིར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་ཆེན་པ་སྐོར་ཞིག་གིས་རང་ངོས་ནས་ཚོགས་པ་བཙུགས་ཤིང་། དང་བླངས་སྒོས་ལོ་རེར་བཞིན་ཡུལ་དེར་བྱིས་པ་དང་སྡེ་མིར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་ཁྲིད་བྱེད་བཞིན་པ་སོགས། ཉམས་ཉེན་དང་སྲུང་སྐྱོབ་ཀྱི་འགལ་འདུའི་གནས་སྟངས་ཤིག་ཟས་ལ་རྫས་མ་བསྣན་པའི་བརྙན་རིས་ཀྱིས་ཕྱི་རབས་སྐྱེ་བོ་དག་གི་མིག་ལམ་དུ་དྲངས་ཡོད།


འཁྲབ་ཁྲིད་པའི་གཏམ།

'རིགས་དང་སྐད་དག་འགྱུར་ནས་ནི།།
རང་གི་སྲོག་ཀྱང་དེ་བཞིན་འབོར།།

བོད་ཀྱི་ཤེས་རིག་ནི་རྨང་མཐུག་པའི་ཆོས་ལུགས་རིག་གནས་དང་། གཏན་ཚིགས་ཀྱི་དཔང་མཐོ་བའི་གནའ་རབས་རྩོམ་རིག མི་རབས་ནས་མི་རབས་བར་རྒྱུད་ཅིང་འོངས་པའི་ངག་རྒྱུན་རིག་གནས་དང་། དེ་མིན་བཟང་གསུམ་གྱི་ཡོན་ཏན་མངའ་བའི་སྐྱེས་ཆེན་དག་གི་ཕྱག་རྗེས་ལ་འབྲེལ་དགོས་པ་སྨྲ་མེད་ཅིང་། བོད་ཀྱི་སྐད་དང་ཡི་གེ་ནི་འཛམ་གླིང་ཤེས་རིག་དར་པའི་རྒྱལ་ཁབ་དག་དང་ཡ་གླིང་གི་གནའ་བོའི་ཤེས་རིག་གི་ཁོངས་སུ་གཏོགས་པར། སྐད་ཡིག་ཉམས་དམས་སུ་འགྲོ་བ་ནི་མདོར་དྲིལ་ན་ཤེས་རིག་ཅིག་གི་གྱོང་གུད་དང་རིག་གཞུང་ཞིག་གི་རྩ་བརླག་ཡིན་པ་བསྙོན་དུ་མེད།

ལོ་རྒྱུས་དགའ་སྐྱོ་ཆགས་སྡང་གི་གཉེར་རིས་ཐོད་དུ་བླངས་པའི་སྔོན་རབས་པ་མང་པོ་ལོ་རེར་བཞིན་འཁོགས་པར་གྱུར་ཅིང་རྒྱང་དུ་བཞུད་ཤུལ་དུ། སྐད་དང་རིག་གནས་ལ་རྒྱུས་མངའ་དམན་པའི་ཕྱི་རབས་པ་སྐོར་ཞིག་ལྷགས་ཡོད།

གུས་པོ༢༠༠༩ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་ཆེན་པའི་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པའི་མཐུན་རྐྱེན་འོག་ཐེངས་དང་པོར་དཔའ་ལུང་ཡུལ་དུ་གོམ་ཁ་སྤོས་ཤིང་། ཡུལ་དེར་ཟླ་ངོ་གཅིག་རིང་དྭངས་བླངས་སྒོས་ས་གནས་བྱིས་པ་དང་མང་ཚོགས་ལ་བོད་ཡིག་དང་། བོད་ཀྱི་རིག་གནས་སོགས་རང་ནུས་ཀྱིས་སློབ་ཁྲིད་བྱས་པ་ཡིན། ཉིན་དང་པོར་སློབ་ཁང་དུ་འཛུལ་བའི་ཚོར་བ་དེ་ད་དུང་སེམས་ལ་ཝ་ལེར་འཆར་བཞིན་འདུག སློབ་ཁང་དུ་ཡོད་པའི་སློབ་མ་བརྒྱ་ཆའི་སུམ་བཅུས་བོད་སྐད་གོ་ཡི་མི་འདུག་ལ་རྒྱ་སྐད་ཀྱི་ལམ་ནས་རྒྱུས་ལོན་བྱེད་དགོས་བྱུང་། གནས་ཚུལ་དེར་གཞིགས་ཏེ་ང་ཚོས་དམངས་ཁྲོད་སྒྲུང་གཏམ་དང་། ཁེད། གཞས། ཞབས་བྲོ་སོགས་བསྡུ་སྒྲིག་བྱས་ཏེ་སློབ་ཁྲིད་བྱས་པ་ཡིན། སློབ་ཁྲིད་ཀྱི་བྱེད་ཕྱོགས་དེས་སློབ་བུ་གང་མང་ཞིག་གི་དང་བ་དྲངས་མོད། ང་ཚོས་སྔར་བཞིན་ལན་གྲངས་དུ་མར་རྒྱ་ཡིག་གི་ལམ་ནས་ངོ་སྤྲོད་དགོས་བྱུང་།

ས་གནས་མང་ཚོགས་དང་འབྲེལ་བ་དམ་ཟབ་དང་སྐད་ཡིག་གི་གལ་ཆེན་སྒྲོག་པར། སློབ་ཁྲིད་རྗེས་ཀྱི་ཞག་མ་རེ་ང་ཚོ་དུད་ཁྱིམ་རེར་ཕྱིན་ཏེ་མང་ཚོགས་ལ་དེའི་སྐོར་གྱི་ཁ་བརྡ་བྱས་ཤིང་། གོ་རིམ་དེའི་ཁྲོད་བགྲེས་སོང་གི་ཁུར་གྱིས་ལྕི་བའི་རྒན་རབས་པ་མང་པོས་མིག་ནས་མཆི་མ་འདོན་བཞིན་ང་ཚོ་ལ་སེམས་ཀྱི་སྡུག་སྔལ་གསུང་བོར་བཤད་ཅིང་། ང་ཚོའི་བྱ་བར་རྒྱབ་སྐྱོར་དང་བླ་མེད་ཀྱི་སེམས་ཤུགས་བླ་མེད་བསྩལ། སེམས་ཀྱི་ན་ཟུག་དང་འོ་དོད་ཡོད་ཚད་མིག་ཆུར་བརྒྱུས་པའི་ཨ་ཙ་མ་དེ་དང་། བློ་སྤོབས་ཀྱིས་ཕྱུག་པའི་ངའི་དྭངས་བླངས་གྲོགས་པོ་དག་གིས་ང་ལ་འགོག་མེད་ཀྱི་ཚོར་འདུ་ཞིག་སྦྱིན་བྱུང་། དེ་མུར་ང་ལ་གནས་སྟངས་དེ་བརྙན་རིས་ཀྱི་ལམ་ནས་མི་མང་པོར་སྒྲོག་པའི་ཀུན་སློང་སྐྱེས་ཤིང་། ཕྱི་ལོར་དངོས་སུ་ཕབ་སྐྲུན་གྱི་མགོ་བཙུགས་པ་ཡིན།

གློག་བརྙན་འདི་བཟོ་བའི་ཕུགས་ཀྱི་ཀུན་སློང་ཡང་དཔའ་ལུང་མ་ཟད། བོད་ཀྱི་ཡུལ་གྲུ་ཀུན་ཏུ་ཁྱབ་པའི་སྐྱ་ཟད་སྔོ་སྡུག་གི་གནས་སྟངས་འདིས། ང་ལ་མཚོན་ན་ནམ་རྒྱུན་ཐོབ་པ་དང་ཤོར་བ། འཕེལ་རྒྱས་དང་སྲོལ་རྒྱུན། སྲུང་སྐྱོབ་དང་ཉམས་ཉེན་གྱི་འགལ་འདུའི་དྲི་རྟགས་དང་། མནོ་བསམ་གྱི་སྟོང་ཆ་གང་མང་ཞིག་སྟེར་གྱིན་འདུག་ཅིང་། ཕལ་ཆེར་འདི་ནི་ང་ཚོ་ཚང་མར་ཡོད་པའི་དུས་རབས་འདིའི་དྲི་རྟགས་ཤིག་ཅིའི་ཕྱིར་མིན་པར་བསམ་ཡོད།

འགྱུར་སྐྱེན་པའི་རྒྱ་ནག་གི་ཚ་རླབས་ཀྱིས་ངའི་ཕ་ས་ཕ་ཡུལ་གྱི་གྲུ་ཟུར་གང་རུང་དུའང་འགོག་མེད་ཀྱི་འགྱུར་བ་གང་མང་ཞིག་ངང་ངམ་ཤུགས་ཀྱིས་ཐེབས་ཀྱིན་འདུག སྣུམ་གྱིས་ཟིན་པའི་འགྱུར་བ་དེ་དག་གིས་ང་ལ་སྔ་ན་མེད་པའི་མནོ་བསམ་ལྕི་མོ་ཞིག་སྟེར་གྱིན་འདུག དེས་ནམ་རྒྱུན་ང་ལ་ཉེ་འཁོར་ན་འབྱུང་གིན་པའི་གཏམ་རྒྱུད་འདི་དག་ཐབས་ལམ་ག་འདྲ་ཞིག་དང་། ཐེག་གཟུགས་ག་འདྲ་ཞིག་སྤྱད་དེ་ཡུལ་མིས་རང་ཉིད་ལ་སྔར་བས་ངོས་ཟིན་དང་ཕྱི་རོལ་གྱིས་ངའི་ཕ་ཡུལ་ལ་གོ་བ་ཡང་དག་ཅིག་ལོན་པར། ངས་ནམ་རྒྱུན་དོན་དངོས་དང་སྒྱུ་རྩལ་གྱི་གཞི་གཅིག་ཏུ་གྲུབ་པའི་ཕུང་བོ་ཞིག་འཚོལ་གྱིན་ཡོད།


མཁའ་བྱམས་རྒྱལ།

མཁའ་བྱམས་རྒྱལ་ནི་མཚོ་སྔོན་མི་ རིགས་སློབ་ཆེན་དུ་བོད་ཀྱི་རྩོམ་རིག་ལ་ཆེད་གཉེར་བྱས་ཏེ་སློབ་མཐར་ཕྱིན་ཞིང་། ཁོང་ཉིད་ད་ལྟ་མཐོ་སྒང་འདྲ་པར་རྒྱག་མཁན་ཁྲོད་ཀྱི་མི་སྣ་གཙོ་ཆེན་ཞིག་ཏུ་གྱུར་ཡོད་ལ། ཨ་མའི་ལོ་ལོ་གློག་བརྙན་ཚོགས་པ་གསར་འཛུགས་བྱས། ཁོང་གིས་བོད་ཀྱི་ན་གཞོན་ཚོར་གློག་རྡུལ་གཟུགས་ལམ་འདོན་སྤེལ་སྐོར་གྱི་སློབ་གསོའི་མཛད་རྗེས་བསྐྲུན་ཞིང་མི་རབས་གསར་བ་བོད་ཀྱི་གློག་བརྙན་བཟོ་མཁན་རྣམས་ལ་སྤོབས་པ་སྐྱེད་བཞིན་བཞུགས། མཁའ་བྱམས་རྒྱལ་གྱིས་སྔ་གཞུག་ཏུ་བོད་མིའི་འཚོ་བ་དང་རིག་གནས་ཐད་ཀྱི་གློག་བརྙན་ཐུང་ངུ་མང་པོ་ཞིག་འཁྲབ་ཁྲིད་བྱས་མྱོང་ཞིང་། དཔའ་བོའི་ལུང་པ་ཞེས་པའི་གློག་བརྙན་དེ་ནི་ཁོང་གི་ཆ་ཚང་བའི་དངོས་ཟིན་གློག་བརྙན་ཐོག་མར་གྱུར་ཡོད།